Back To Top

གསུམ་བཅུའི་དུས་དྲན།

____བོད་ཀྱི་རྒྱལ་ཁའི་ཉིན་མོ།

བོན་རྒྱ་བསྟན་འཛིན་རབ་རྒྱས།

བཀླགས་གྲངས། 377

ལོ་རེ་བཞིན་ཟླ་གསུམ་པར་ཐོན་པ་དང་ཚེས་བཅུ་ཉིན་དྲན་འོང་། པོ་ཏཱ་ལའི་མདུན་ཐང་དང་ནོར་བུ་གླིང་ཀའང་དྲན་འོང་། རྒྱ་དམར་བོད་ནས་ཕར་རྒྱུགས། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག་ཅེས་པའི་འབོད་སྒྲ་ཞིག་ཐོས་འོང་། འདི་ལ་བོད་མིའི་རང་དབང་སྒེར་ལངས་ཞེས་ཟེར། གསུམ་བཅུའི་དུས་དྲན་ཡང་ཟེར།
   བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་ནི། སྤྱི་ལོ་༡༩༥༩ ལོའི་ཟླ་ ༠༣ པའི་ཚེས་ ༡༠ ཉིན་ཡིན་ལ། ས་གནས་ནི། བོད་ཀྱི་རྒྱལ་ས་ལྷ་ས་དང་། དེ་ལས་ཀྱང་ཕོ་བྲང་གི་མདུན་ཐང་དང་ནོར་བུ་གླིང་ཀའི་མཐའ་འཁོར་ཡིན། ཉིན་དེའི་དགོས་འདུན་དང་དམིགས་ཡུལ། རྒྱབ་ལྗོངས་དང་རེ་བ། དམ་བཅའ་དང་བསྒྲགས་གཏམ་བཅས་ནི་གོང་གི་འབོད་ཚིག་དེ་གསུམ་ཡིན། རྒྱལ་བའི་མཛད་རྣམ་ནང་གསལ་ལྟར་ན། བོད་མིའི་རང་དབང་སྒེར་ལངས་སྐབས་སུ། མི་ཁྲི་གསུམ་ལྷག་འཛོམས་པ་དང་། མི་མང་ནང་ཁུལ་དུ་དབུ་འཁྲིད་མཁན་མི་བདུན་ཅུ་ལྷག་བདམས་ཡོད་ལུགས་འཁོད་ཡོད། ཡིན་ནའང་།ཐག་བཅད་མེད་དེ། མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་ཀི་མང་ལས། མི་ཚོགས་ནི་གྲངས་འབོར་རྩིས་དཀའ་བར་འཛོམས་ཤིང༌། འགའ་ཤས་ནས་སྟོང་ཕྲག་སུམ་ཅུ་སྐོར་ཡོད་ལུགས་གླེང༌། ཞེས་དང་། མི་མང་གི་འགོ་འཁྲིད་པ་ཡང་དྲུག་ཅུ་བདུན་ཅུ་སྐོར་མི་མང་རང་ནས་འདེམས་བསྐོ་ཟིན་ལུགས། ཞེས་གསུངས་ཡོད། ལོ་དེའི་ཕྱི་ལོར་༡༩༦༠ བོད་མིའི་རང་དབང་སྒེར་ལངས་བོད་མི་རིགས་ནམ་གནས་ཀྱི་བར་དུ་བརྗེད་མི་རུང་བའི་ཕྱིར། དྲན་གསོ་ཞུས་ཤིང་མིང་ལའང་གསུམ་བཅུའི་དུས་དྲན་ཞེས་དུས་ཚོད་ཀྱི་ཆ་ནས་གདགས་པར་མཛད།
 འབོད་ཚིག་འདི་གསུམ་ཅུང་སྤྲོས་ན། བོད་ཀྱི་ས་ཆ་བོད་ལ་དབང་བས་དབང་བསྒྱུར་དགྲ་བོ་ད་ལྟ་རང་ཕར་རྒྱུགས་དགོས་པ་དེ་རེད། དེའི་བོད་ཀྱི་སྣོད་ཀྱི་འཇིག་རྟེན་གཞན་གྱིས་འཕྲོག་མི་ཆོག་པ་བསྟན་པ་རེད། འབོད་ཚིག་གཉིས་པས། བོད་ཀྱི་བདག་དབང་བོད་ལ་ཡོད་པས་བོད་ཀྱི་བདག་པོ་བོད་མི་དང་བོད་རང་བཙན་གྱི་ཐོབ་ཐང་གཙང་མ་ཡིན་པ། བོད་ཀྱི་བཅུད་ཀྱི་སེམས་ཅན་ཉིད་ལ་བོད་ཀྱི་བདག་དབང་ཡོད་པ་གསལ་འདོན་གནང་བ་རེད། འབོད་ཚིག་གསུམ་པས། བོད་ཀྱི་སྣོད་བཅུད་གཉིས་ཀྱི་བདག་པོ་སྤྱན་རས་གཟིགས་སམ་རྒྱལ་བ་རིན་པོ་ཆེ་བསྟན་པ་རེད། བོད་དང་རྒྱལ་བ་རིན་པོ་ཆེའི་འབྲེལ་བ་ནི་རྒྱལ་འབངས་ཙམ་མིན་པར། ཕ་བུ་དང་བླ་སློབ་ཀྱི་འབྲེལ་བ། ལུས་སམ་ཐུགས་བསྐྱེད་ཀྱི་འབྲས་བུའི་འབྲེལ་བ་ཞིག་ཡིན། ཁོང་གིས་སྐྱེ་རབས་ཕྲེང་བརྒྱུད་དུ་བོད་ཀྱི་ཆེད་དུ་ཐུགས་བསྐྱེད། བོད་ཀྱི་ཆེད་དུ་སྐྱེ་བ་བཞེས། བོད་ཀྱི་ཆེད་དུ་མཛད་པ་མཛད་པར་བརྟེན། བོད་མི་མང་གི་བདེ་དགའི་རྩ་བ་ནི། བརྩེ་བའི་ཡབ་ཆེན་པོ་རྒྱལ་མཆོག་ཡིད་བཞིན་ནོར་བུའི་སྐུ་ཚེ་བརྟན་རྒྱུ་ཉག་གཅིག་དང་ཐད་ཀར་འབྲེལ་བས་བསྒྲགས་གཏམ་འདིའི་སྒྲོམ་གཞི་འདི་ལྟར་བསླངས་པ་རེད། བོད་ལ མཚོན་ན། རྒྱལ་བ་རིན་པོ་ཆེ་ཁོ་ན་ཐུག་མི་རུང་ཐུགས་རྗེ་ཆེན་པོ་དང་། རག་མི་རུང་རག་ཤའི་དོ་ཤལ་ཡིན་པས། ཁོང་གི་སྐུ་སྲོག་ལ་ཐུག་རྩིས་ཀྱིས་བཞུགས་ཤག་ཚུན་ཆད་ས་ཐིག་ལ་ཕབ་ཡོང་དུས་བོད་མི་ཚོས་ཕྱི་སྣུར་སོར་ཐེའུ་གང་མ་བྱས་པར་དགྲ་བོའི་མཚོན་ངོགས་སུ་མཆོང་སྟེ་འོས་ལངས་གནམ་ས་འདར་བ་ཞིག་བྱས་པ་རེད། 
   དེར་བརྟེན། གསུམ་བཅུ་དུས་དྲན་ནི། བོད་ཤོར་བའི་ཉིན་མོ་མིན་པར་བོད་ཀྱི་རྒྱལ་ཁའི་ཉིན་མོ་ཞིག་དང་གཟི་བརྗིད་ཀྱི་ཉིན་མོ་ཞིག་ཡིན། ལོ་དེ་ནས་བརྩིས་པའི་ལོ་ཞེ་དྲུག་གི་གོང་དུ། རྒྱལ་བ་རིན་པོ་ཆེས་བོད་རང་བཙན་བསྐྱར་ནན་གྱི་བསྒྲགས་གཏམ་སྤེལ་གནང་བ་རེད། ལོ་ཞེ་དྲུག་གི་རྗེས་སུ། བོད་མི་ཚང་མས་མ་གྲོས་བསམ་པ་གཅིག་མཐུན་གྱིས་དེ་ལ་རྟིང་གནོན་གྱི་བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་བ་རེད། དེ་ནི་བོད་མིའི་རང་དབང་སྒེར་ལངས་ཞེས་པ་དེ་ཡིན་ལ། གསུམ་བཅུའི་དུས་དྲན་ཞེས་པ་འདི་ཡིན། ཉིན་དེར། བོད་མི་ཚོ་དགྲ་བོའི་མེ་མདའི་སོ་ཁ་ནས་ཀྲོང་ངེར་འགྲེངས་ནས་དཔའ་བོའི་ཀི་རྒྱངས་དང་བཅས། དགྲ་བོའི་བཙན་དབང་གིས་བོད་ཡུལ་འཛིན་སྐྱོང་གི་སྲིད་ཇུས་གཙབ་རལ་དུ་བཏང་བ་རེད། སྲིད་ཇུས་དེ་ལ་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་ཟེར། དེ་ནི་བོད་ཀྱི་འཐུས་མི་འགའ་དགྲ་བོས་བཙོན་འོག་ལ་བཅུགས་ནས་འཇིགས་སྐུལ་གྱིས་བོད་ཀྱི་རྟགས་ཐེལ་ཚུན་ཆད་རྫུན་མ་བརྒྱབ་པའི་བཙན་བཀའ་ཞིག་ཡིན་མོད། ཡིད་སྐྱོ་བ་ཞིག་ལ། སྐབས་དེར་བོད་མི་མང་གྲོས་མཐུན་རྫུན་ནག་དེའི་དབང་ཚད་འོག་བསྡད་ཡོད། ཡིན་ནའང་། ཉིན་དེར་། སྲིད་ཇུས་རྫུན་མ་དེ་ས་ས་མལ་དང་རྡོ་རྡོ་མལ་བྱས་ཏེ། བོད་མི་སེར་སྐྱ་ཁྲི་སྟོང་མང་པོས་དུས་གཅིག་ལ་མགྲིན་གཅིག་དབྱངས་གཅིག་གིས་བོད་རང་བཙན་གཙང་མ་ཡིན་པའི་བསྒྲགས་གཏམ་གྱི་འུར་སྒྲས་གནམ་ས་བཀད་པ་རེད། ཉིན་མོ་འདི་བོད་རང་བཙན་གྱི་ཉིན་མོ་ངོ་མ་དེ་ཡིན། དེར་བརྟེན། ཉིན་དེ་ནས་ཟླ་བ་གཅིག་མ་བརྒལ་བར་རྒྱལ་བ་རིན་པོ་ཆེས། དོན་ཚན་བཅུ་བདུན་ངོས་ལེན་མེད་པའི་བསྒྲགས་གཏམ་སྤེལ་བ་རེད། དེ་ལ་ཏེ་ཛི་པུར་གྱི་གསར་འགོད་གསལ་བསྒྲགས་ཟེར། དེ་ནི་རྒྱལ་བ་རིན་པོ་ཆེ་སྤྱི་་ལོ་ ༡༩༥༩ ལོའི་ཟླ་བཞི་པར་རྒྱ་གར་ཨ་སཱམ་་གྱི་གྲོང་ཁྱེ་ཏེ་ཛི་པུར་དུ་ཕེབས་འབྱོར་གྲུབ་པ་དང་དོན་ཚན་བཅུ་བདུན་ངོས་ལེན་མེད་པའི་གཞུང་འབྲེལ་གསལ་བསྒྲགས་བསྐྱངས་གནང་བ་དེ་ཡིན།
 དེ་ལྟར་གསུམ་བཅུ་དུས་དྲན་ནི། གངས་ཅན་པའི་རྒྱལ་རབས་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་ཡིན་ཏེ། རྒྱལ་མཆོག་ཡིད་བཞིན་ནོར་བུའི་གསུམ་བཅུའི་དུས་དྲན་གྱི་བསྒྲགས་གཏམ་ཐེངས་དང་པོའི་ ༼༡༩༦༠ ལོའི་གསུམ་དུས་གསུང་འཕྲིན།༽ ནང་དུ། བོད་མི་མང་གི་སྙིང་ལ་རིང་ནས་བསགས་པའི་གཅོང་ནད་ཀྱི་ཟུག་གཟེར་རྣམས་དུས་གཅིག་ཏུ་ལངས་ནས་གྲོང་ཁྱེར་ལྷསའི་ཡུལ་མི་མཆོག་དམན་ཚང་མ་བསྡེབས་འཛོམས་འུར་ལངས་ཀྱིས་ངོས་ལ་རྒྱ་མིའི་སར་འགྲོ་ཐལ་མི་ཡོང་བའི་ཞུ་འབོད་དང༌། རྒྱ་དམར་ལ་ཞི་རྒོལ་ཁྲོམ་བསྐོར་བཅས་སྔར་མི་གྲགས་པ་ཞིག་བྱས་ཏེ་རང་རེ་གངས་ཅན་པའི་རྒྱལ་རབས་ཀྱི་དེབ་ཐེར་ནང་རྔམ་བརྗིད་སྙིང་དོན་དང་ལྡན་པའི་ལེའུ་ཞིག་གསར་འགོད་བྱས་པ་རེད། ཅེས་གསུངས་ཡོད།
    དེ་ལྟར་གསུམ་བཅུ་དུས་དྲན་ནི། རྒྱལ་མཆོག་བཅུ་གསུམ་པའི་རང་བཙན་བསྒྲགས་གཏམ་གྱི་རྗེས་གནོན་ཞིག་ཀྱང་ཡིན་ཏེ། རྒྱལ་བ་རིན་པོ་ཆེས་གསུམ་དུས་བསྒྲགས་གཏམ་དང་པོ་ ༼༡༩༦༠ ལོའི་གསུམ་དུས་གསུང་འཕྲིན།༽ རུ།  རྗེ་གོང་མའི་དུས་སྐབས་སུ་འཛམ་གླིང་རྒྱལ་ཁབ་འགའ་ཤས་དང་མཉམ་དུ་འདྲ་མཉམ་རང་དབང་གི་ཐོག་ནས་ཆིངས་ཡིག་ཁག་བཞག་པ་སོགས་འཛམ་གླིང་ཁྲིམས་སྲོལ་དང་མཐུན་པའི་རང་སྲིད་རང་སྐྱོང་གི་རྒྱལ་ཁབ་རང་བཙན་གཙང་མར་གནས་པའི་ལོ་རྒྱུས་སུས་ཀྱང་བསུབས་མི་ཐུབ་པ་དང༌། ཅེས་གསུངས་ཡོད།
གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པ་ནི། རྫུན་མ་རྫུན་ནག་ཅིག་ཡིན་ཏེ། རྒྱལ་བ་རིན་པོ་ཆེའི་གསུམ་དུས་བསྒྲགས་གཏམ་དང་པོ་ ༼༡༩༦༠ ལོའི་གསུམ་དུས་གསུང་འཕྲིན།༽ རུ།  ༡༩༥༡ བོད་ལྕགས་ཡོས་ལོར་བཟང་བཙོན་ལྟ་བུའི་དོ་དམ་དུ་གནས་པའི་རང་རེའི་སྐུ་ཚབ་རྣམས་ལ་རྒྱ་དམར་གྱིས་རང་འདོད་ལྟར་བྲིས་པའི་གྲོས་མཐུན་ལ་རང་མིང་བཀོད་དུ་བཅུག་ཅིང༌། རྒྱ་དམར་ཁོ་རང་ཚོས་བཟོས་པའི་རྟགས་ཐེལ་ཞིག་བོད་གཞུང་གི་ཡིན་ཚུལ་དུ་ཕབ་བཅུག ཅེས་གསུངས་ཡོད།
དེ་ལྟར་བོད་མིའི་རང་དབང་སྒེར་ལངས་ནི། བོད་རང་བཙན་གྱི་སྐད་སྒྲ་མཐོན་པོ་ཞིག་ཡིན་ཏེ། རྒྱལ་བ་རིན་པོ་ཆེའི་གསུམ་བཅུ་དུས་དྲན་གྱི་བསྒྲགས་གཏམ་གཉིས་པར་༼ ༡༩༦༡ ལོའི་གསུམ་དུས་གསུང་འཕྲིན།༽ ། བོད་མི་མང་གི་སེམས་ཀྱི་ཚ་དྲོད་རྣམས་གུང་བྲན་བསམ་སྦྱོར་མ་རུང་པའི་བྱེད་རྐྱེན་ངན་པའི་རླུང་གིས་བསྐུལ་ནས་བོད་མིའི་སྙིང་སྟོབས་ཀྱི་མེ་ཆེན་ཀུན་ཏུ་འབར་ཏེ་ད་ནས་མི་ལོ་གཉིས་ཀྱི་གོང་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་མི་མང་ནས་གུང་བྲན་ཏང་གི་བཙན་དབང་ལ་ངོ་རྒོལ་ཁྲོམ་བསྐོར་དང་འབྲེལ་རྒྱ་མི་གུང་བྲན་བོད་ནས་ཕྱིར་ལོག་ཅིག་ཅེས་པ་དང༌། བོད་ནི་རང་དབང་རང་བཙན་ཡིན་ཞེས་པའི་སྐད་སྒྲ་ཞིག་ཐོལ་བྱུང་འགོག་མེད་དུ་བསྒྲགས་ཤིང༌། དེ་འདྲའི་དྲང་བདེན་སྙིང་པོ་ཅན་གྱི་སྐད་སྒྲ་དེ་དག་འཛམ་གླིང་འདིའི་ཁྱོན་ལ་གནས་པའི་མི་ཚོགས་དུང་ཕྱུར་སུམ་ཅུར་ཉེ་བ་ཞིག་གི་རྣ་ལམ་དུ་གསལ་བར་ཐོས་པ་མ་ཟད། མི་ཚོགས་དེ་རྣམས་ཀྱི་སེམས་ལ་བོད་ཅེས་བྱ་བའི་ཡུལ་དེ་གཟུགས་ཅན་བཞིན་མངོན་དུ་གྱུར་ཏེ་ཡུལ་དེའི་གནས་ཚུལ་ལ་བརྩེ་བའི་སེམས་ཀྱིས་ལྟ་བཞིན་ཡོད་པ་རེད། ཅེས་གསུངས་ཡོད། 
དེ་ལྟར་གསུམ་བཅུ་དུས་དྲན་གྱི་ཉིན་མོ་ནི། བོད་ཀྱི་རྒྱལ་ཁའི་ཉིན་མོ་ཞིག་དང་དོན་ཚན་བཅུ་བདུན་གཙབ་རལ་དུ་བཏང་བའི་ཉིན་མོ་ཞིག་ཡིན་ཏེ། རྒྱལ་བ་རིན་པོ་ཆེའི་གསུམ་བཅུ་དུས་དྲན་གྱི་བསྒྲགས་གཏམ་བཅུ་གཅིག་༼ ༡༩༧༡ ལོའི་གསུམ་དུས་གསུང་འཕྲིན།༽ པར། དེ་འདྲའི་ཉིན་མོ་དེ་ལ་ང་ཚོས་རྗེས་དྲན་གང་གི་དོན་དུ་བྱེད་ཀྱི་ཡོད་དམ་ཟེར་ན༑ ང་ཚོས་བོད་རང་དབང་གི་དོན་དུ་ལུས་སྲོག་གཏོང་མཁན་བོད་མི་ཚོར་རྗེས་དྲན་བྱེད་པ་ཙམ་དུ་མ་ཟད། དེ་ཉིན་རྒྱལ་ཁ་ཐོབ་པའི་ཉིན་མོ་ཞིག་ཏུ་ངོས་འཛིན་བྱས་ནས་ཀྱང་རྗེས་དྲན་བྱེད་ཀྱི་ཡོད། ཅིའི་ཕྱིར་ཞེ་ན། དེའི་ཉིན་རྒྱ་མི་གུང་བྲན་གྱིས་བཙན་དབང་གིས་འཛིན་སྐྱོང་བྱེད་པའི་སྲིད་བྱུས་ལ་ཕམ་ཉེས་ཕྱིན་པ་གསལ་པོར་བསྟན་པའི་ཐོག ཁོང་ཚོ་འུ་ཐུག་ཐབས་ཟད་ཀྱིས་དྲག་པོའི་ལམ་ནས་གུང་བྲན་ལྟ་སྤྱོད་ཀྱི་ལྡོག་ཕྱོགས་མི་སེར་སྤེལ་སྲོལ་འཛིན་ཐབས་བྱེད་དགོས་པར་ཐུག་པ་དང༌། ང་ཚོའི་ཕྱོགས་སུ་ཕམ་ཉེས་མིན་པའི་ཁར། ཕྱི་རྒྱལ་བཙན་དབང་གི་འོག་ཏུ་ནམ་ཡང་སྡོད་འདོད་མེད་པའི་རྣམ་འགྱུར་དཔའ་གདེངས་སྤོབས་པ་ཆེན་པོའི་ངང་ནས་བསྟན་ཡོད། དེ་ལྟ་བུའི་རང་དབང་གྱེན་ལངས་ལན་གྲངས་སྟོང་ཕྲག་བྱེད་སྲིད་ལ། དེ་འདྲའི་དྲག་གནོན་ཡང་སྟོང་ཕྲག་བྱེད་སྲིད་ནའང༌། སྐྱེ་བོ་སོ་སོ་རང་ཉིད་ཀྱི་ནང་གི་སྙིང་སྟོབས་དང་རང་དབང་གི་འདོད་པ་ནི་དུས་ནམ་ཡང་གཏོར་བརླག་གཏོང་མི་ཐུབ་པས། བོད་ལ་ཐོབ་ཐང་ཡོད་ངེས་རང་བཙན་རྒྱལ་ཁབ་ཀྱི་གྲས་སུ་མ་ཚུད་བར་ངའི་མི་མང་གིས་འཐབ་རྩོད་མུ་མཐུད་ནས་བྱེད་ངེས་ཡིན། ཞེས་གསུངས་ཡོད། གསུང་འཕྲིན་འདི་དག་གུང་བསྒྲིགས་ནས་ལྟོས་དང་། གསུམ་བཅུ་དུས་དྲན་ཅིའི་ཕྱིར་རྗེས་དྲན་བྱེད་པ་དང་། ཅི་ལྟར་བྱུང་བ་སོགས་ཡིད་ལ་ལྷང་ངེར་འཆར་ངེས་ཡིན།
   ཉིན་དེ་ཉིད་ལ། སྤུན་ཟླ་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ནའང་། ཁོང་ཚོ་ལ་གདུང་མཆོད་ལྟ་བུའི་མྱ་ངན་རྗེས་དྲན་ཙམ་མིན་པར། བོད་དྲན་པའི་ཉིན་མོ་དང་། བོད་ཀྱི་དཔའ་མཛངས་དྲན་པའི་ཉིན་མོ། བོད་རང་བཙན་གྱི་ཉིན་མོ་ཡིན། ཁོང་ཚོས་བསྐལ་བར་མི་འཇིག་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་བསླངས་པ་རེད། ཡང་ཕྱོགས་ངོས་གཞན་ཞིག་ནས་བལྟས་ན། ཉིན་དེ་ནས་བརྩིས་པའི་ལོ་སུམ་ཅུའི་རྗེས་ཏག་ཏག་ལ། ༼ ༡༩༨༩ ། ༠༣ ། ༡༠༽ ཡང་། རྒྱལ་ས་ལྷ་སའི་མཐིལ་དུ་འབོད་སྒྲ་དེ་གསུམ་གྱིས་སྐད་སྒྲ་བསྐྱར་དུ་མཆེད་པ་རེད། དེ་དུས་སུའང་ཁོང་ཚོའི་མགོ་ཐོག་ནས་མེ་མདའ་འཕུར། ལག་པར་རྣོ་ལྕགས་བསྒྲོགས་ནས་མུན་ཁམས་ལ་ཁྲིད་པ་རེད།
    ཉིན་དེ་ནས་བརྩིས་པའི་ལོ་བཞི་བཅུ་ཞེ་དགུའི་རྗེས་ཏག་ཏག་ལའང་། ༼༢༠༠༨ ། ༠༣ ། ༡༠ ༽། རྒྱལ་ས་ལྷ་ས་ནས་འབོད་སྒྲ་དེ་གསུམ་བསྐྱར་དུ་མཆེད་པ་རེད། འབོད་སྒྲ་དེ་གསུམ་རིམ་གྱིས་བོད་ས་ཡོང་ནས་མཆེད་པ་རེད། བོད་པ་ཚོས་དེ་ལ་ས་བྱི་ཞི་རྒོལ་ཆེན་མོ་ཟེར། ཞི་རྒོལ་ཆེན་མོ་དེ་ནི་ས་ཁུལ་གྱི་རྣམ་གྲངས་མང་བ། འདུ་འཛོམས་ཀྱི་གཞི་རྒྱ་ཆེ་བ། འཚེ་བ་དང་མ་འབྲེལ་བ། བཙན་འོག་གི་བོད་ཁམས་ཡོངས་ལ་ཁྱབ་པ་བཅས་ཀྱི་ཞི་རྒོལ་ཆེན་མོ་ཞིག་ཡིན། འདི་ལ་རྒྱལ་བ་རིན་པོ་ཆེས་ངོས་འཛིན་འདི་ལྟར་གནང་ཡོད། རྒྱལ་བ་རིན་པོ་ཆེས་ ༢༠༠༨ ལོར་བོད་རིགས་ཡོངས་ལ་བསྩལ་བའི་གསུང་འཕྲིན་དང་པོ་རུ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་ལོག་སྤྱོད་པ་ཉུང་ཤས་ཤིག་ལས་མང་ཚོགས་སྤྱི་བྱིངས་འདོད་བློ་ཁེངས་ངེས་ཀྱི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོད་ཚུལ་དོན་དངོས་དང་མི་མཐུན་པའི་དྲིལ་བསྒྲགས་བྱས་པ་རྣམས་བར་ལམ་གྱི་བྱུང་རིམ་འདི་དག་གིས་རྫུན་ཁུངས་གསལ་བརྡོལ་བྱུང་བ་མ་ཟད། ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཀྱི་ཕུགས་རེ་མངོན་འདོད་གཅིག་གྱུར་ཡིན་པའང་གསལ་སྟོན་བྱས་ཤིང༌། འཛམ་གླིང་ཡོངས་ལ་བོད་ཀྱི་གནས་ཚུལ་འདི་སྣང་མེད་དུ་བཞག་མི་ཐུབ་པ་དང༌། རྒྱ་བོད་གཉིས་སྨན་གྱི་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་འགྲིག་ཆགས་ཡོང་བའི་ཐབས་ལམ་ཞིག་ངེས་པར་དགོས་པའི་དངོས་ར་སྤྲད་ཡོད། བོད་མི་རིགས་ཀྱི་ཁེ་ཕན་གྱི་སླད་དུ་བོད་མི་སོ་སོའི་སེམས་གཏིང་གི་ཚོར་བ་རྣམས་འཇིགས་ཞུམ་མེད་པར་བློས་བཏང་ཆེན་པོས་གསལ་སྟོན་ཐུབ་པའི་སྙིང་སྟོབས་དང་ལྷག་བསམ་ནི་ཡི་རངས་བསྔགས་བརྗོད་བྱ་འོས་ཤིག་ཡིན་པ་ལྟར་འཛམ་གླིང་མང་ཚོགས་ནས་ངོས་འཛིན་དང་བསྔགས་བརྗོད་རྒྱ་ཆེ་ཐོབ་ཡོད།་ཅེས་དང་། གསུང་འཕྲིན་གཉིས་པ་རུ། འདི་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ནང་བོད་མི་རྒན་གཞོན་དང༌། ཕོ་མོ་སེར་སྐྱ་ཆོས་དད་ཡོད་མེད་སོགས་ཀྱི་དབྱེ་བ་མེད་པར་སློབ་ཕྲུག་ཡན་གྱི་ཆོལ་གསུམ་བོད་རིགས་རྣམས་ཀྱིས་རང་གི་སེམས་ནང་འདོད་པ་མ་ཁེངས་པའི་སེམས་ནད་གཏིང་ཟབ་ཡོད་པ་དེ་དག་ལུས་སྲོག་བློས་བཏང་གིས་སྙིང་སྟོབས་ཆེན་པོས་ཁྲིམས་མཐུན་ཞི་བའི་ལམ་ནས་གསལ་པོ་ཕྱིར་བཏོན་བྱས་ཡོད། ཅེས་གསུངས་ཡོད།
   ས་བྱི་ཞི་རྒོལ་ཆེན་མོའི་རྗེས་འབྲེལ་དུ་ལྕགས་ཡོས་མེ་རྒོལ་ཆེན་མོ་ལངས་པ་རེད། ༢༠༠༩ ། ༠༣ ། ༠༤ ཉིན་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས། རྒྱལ་བ་རིན་པོ་ཆེའི་སྐུ་པར་གཤམ་འོག་བོད་ཀྱི་རྒྱལ་དར་ལག་བྲིས་མ་ཅན་ཞིག་གནམ་ལ་འཕྱར་ནས་ངོ་རྒོལ་སྐད་འབོད་ཀྱིས། སྐུ་ལུས་མེར་བསྲེགས་པ་ལ་ཐད་ཀར་རྒྱ་གཞུང་གིས་མེ་མདའ་བརྒྱབ་ཡོད། དེ་ནས་བཟུང་སྟེ། ༢༠༢༢ ། ༠༣ །༢༧ ཉིན་རྒན་པོ་བཀྲ་ཕུན་ལགས་ཀྱིས་མེར་བསྲེགས་གནང་བའི་བར་དུ། བོད་པ་ ༡༥༨ ཀྱིས་རང་སྲོག་མཆོད་མེར་བསྒྲོན་ནས་ངོ་རྒོལ་གནང་བ་ཤེས་རྟོགས་བྱུང་ཡོད། འདི་ནི། གྲངས་མང་ལ་རྒྱུན་རིང་བ། འཚེ་བ་མེད་པ་ཅན་གྱི་ཞི་བའི་ལས་འགུལ་རིང་མོ་གཟི་བརྗིད་ལྡན་པ་ཞིག་ཡིན། འདིས་འཛམ་གླིང་ལ་བོད་ཀྱི་རིག་གནས་ཀྱི་ཟབ་ཚད་ངོམ་ཡོད། བོད་མི་རིགས་ཀྱི་སྙིང་སྟོབས་བསྟན་ཡོད། ད་དུངབོད་མིའི་རང་དབང་སྒེར་ལངས་སྐབས་ཀྱི་བསྒྲགས་གཏམ་དེའི་བདེན་པ་གསལ་འདོན་གནང་བ་རེད།  བདེན་པ་དེའི་ཆེད་དུ་བོད་མི་ས་ཡ་གཅིག་གི་ཚེ་སྲོག་ཤོར་བའི་གྲངས་ཚད་འཛིན་གྱིན་ཡོད། བོད་ཀྱི་སློབ་གྲྭ་དྲུག་སྟོང་ལྷག་ལ་གཏོར་བཅོམ་བྱས་ཡོད། ་དུང་བོད་ཀྱི་སྐྱེ་དངོས་རིག་གནས་ཀྱི་གོད་ཆག་དང་ལྷ་རྟེན་ཆོས་གསུམ་གྱི་གོད་ཆག རྒྱུ་དངོས་རྩ་ཆེན་གྱི་གྱོང་གུད་ཀྱི་གྲངས་ཚད་ནི། བོད་ཀྱི་བཤད་སྟངས་ཤིག་བྱས་ན། གཱངྒའི་ཀློང་གི་བྱེ་མའི་གྲངས་ཀྱིས་མཚོན་པ་ལས་གཞན་གྱིས་མཚོན་ཐབས་བྲལ་ཡོད། 
  ཡང་ཕྱོགས་གཞན་ཞིག་ནས་གླེང་ན། བཙན་འོག་ལས་གཞན་གྱི་དབུས་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཆེ་ཆུང་ཁག བོད་དོན་རྒྱབ་སྐྱོར་མཁན་དག་གིས་ལོ་༦༧ རིང་སྤེལ་བའི་ལས་འགུལ་ཆེ་ཕྲ་ཆུང་གསུམ་མཐའ་དག  བོད་མིི་རང་སྒེར་ལངས་ཀྱི་རྗེས་འབྲེལ་དུ་བྱུང་བའི་བོད་དོན་ཤ་སྟག་ཡིན། བོད་ཁ་བ་ཅན་ཆོས་འབྱོར་རིག་གསུམ་གྱི་དཔལ་ལ་རོལ་བའི་ཆེད་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་མེད་དུ་དར་བའམ། འཛམ་གླིང་ཞི་བདེའམ་འགྲོ་བ་མིའི་སྤྱོད་བཟང་དར་སྤེལ་གྱི་ཟུར་ཞིག སྤྱན་རས་གཟིགས་ཀྱིས་སྣེ་ཁྲིད་པའི་གཞན་དོན་སྒྲུབ་སྟངས་གཞན་ཞིག་བཅས་ཡིན་ལ། དེ་ཐམས་ཅད་གསུམ་བཅུ་དུས་དྲན་གྱི་རྗེས་འབྲེལ་ལས་འགུལ་ཤ་སྟག་ཡིན་པར་བརྟེན། གསུམ་བཅུ་དུས་དྲན་སྲུང་བརྩི་ནི། རྒྱུ་འབྲས་སྲུང་སྟངས་གཞན་ཞིག དགེ་བ་སྒྲུབ་སྟངས་གཞན་ཞིག བོད་དོན་སྒྲུབ་སྟངས་གཞན་ཞིག་བཅས་ཡིན་པས། གསུམ་བཅུ་དུས་དྲན་ལ་ངེས་པར་དུ་ཐོན་དགོས། གསུམ་བཅུ་དུས་དྲན་བརྗེད་མི་རུང་། གཟི་བརྗིད་ཀྱི་ཉིན་མོ་འདིར། བོད་ཆེན་པོ་རྒྱལ་དར་འཕྱར་ནས་གོམ་པ་གང་སྤོས་ནའང་། རང་ཉིད་སྤྱན་རས་གཟིགས་ཀྱི་བུ་རྒྱུད་དག་མ་ཞིག་ཡིན་པའི་སྤོབས་པ་སྐྱེ་འོང་ངེས།
    སྤྱན་རས་གཟིགས་གྲྭ་ལོག་ཅིག་གིས་བོད་མི་རིགས་ཀྱི་འགྲོ་བ་ཐོག་མར་སྤེལ་བ་ནས། སྤྱན་རས་གཟིགས་ཀྱི་བུ་རྒྱུད་གྲྭ་ལོག་ང་ལ་ཐུག་གི་བར་གྱི་བོད་མི་རིགས་ཀྱི་དར་རྒུད་ལ་བསམས་ན། རྟག་བརྟན་ཐེར་ཟུག་གི་རྒུད་པ་བདེན་གྲུབ་ཅིག་གྲུབ་མྱོང་མེད་ལ། རྒུད་པར་ལྡོག་རྒྱུ་ཡོད་པ་རྒུད་པའི་ཡོན་ཏན་མཐར་ཐུག་ཅིག་ཡིན་ཚོད། གསུམ་བཅུའི་དུས་དྲན་གྱི་བདེན་པ་མངོན་དུ་འགྱུར་བར་སྤོབས་པ་བསྐྱེད་པར་བྱའོ། །བོད་རྒྱལ་ལོ། རྒྱ་དམར་བོད་ནས་ཕར་རྒྱུགས། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག །

སྤྱི་ལོ་༢༠༢༦ ལོའི་ཟླ་ ༠༣ ཚེས་ ༡༠ ཉིན།

ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར།

2026-03-14 རྡོ་གོར་མོ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།